མ་བཅོས་ལྷུན་གྲུབ་ནོར་རྒྱལ་རྫ་རིའི་ཞོལ།།🌈持明 仁增塔欽🔗
ཁོ་ར་ཁོ་ཡུག་ལྗོན་ཤིང་ཡིད་དུ་འོང་།།
དྲི་བཞོན་བསིལ་བོས་ཕུལ་བའི་ལྷན་སྐྱེས་ཚལ།།
དྲི་འཛིན་ལམ་དུ་སིམ་པའི་དགའ་བ་སྟེར།།
སྔོ་ལྗང་ཀུ་ཤ་གཞོན་ནུའི་དབུ་རྩེ་རུ།།
བདུད་རྩིའི་ཟིལ་བ་འཕྲོ་བའི་ལང་ཚོ་ཡིས།།
ཟླ་བའི་མདངས་ལ་འཁུ་བའི་ཀེ་ལ་ཤར།།
མཛའ་བའི་དུང་བས་འགུགས་པའི་རྣམ་འགྱུར་གཡོ།།
གངས་དཀར་མུ་ཁྱུད་མཛེས་པའི་ཟིལ་ཁྲོམ་རིའི།།
གཡུ་མཚོ་དྭངས་མ་མེ་ཡི་སྒྲུབ་གནས་སུ།།
མ་སྨད་བསགས་སྦྱངས་ཡོན་ཏན་བྱེ་བ་ཡིས།།
ཆོས་སྐུའི་རིག་གསང་བརྙེས་པའི་གྲུབ་ཆེན་མོད།།
དགའ་མའི་གཟུགས་ལ་སོ་དྲུག་རྫས་ངན་སྒོམ།།
གཡོ་མེད་བསམ་གཏན་ངེས་འབྱུང་སེམས་ཀྱིས་བསྐུལ།།
འདི་སྣང་ཆུ་སྦུར་མཐོང་བའི་རྣལ་འབྱོར་བ།།
བརྗིད་ཆགས་རི་འགུལ་འདི་ན་གནའ་ནས་མོད།།
མཐོན་མཐིང་ནོར་བུའི་མདངས་འཚེར་གནམ་སྔོན་པོར།།
མཚན་ལྗོངས་ཟླ་ཤེལ་རྒྱུ་སྐར་མོད་པོས་བསྐོར།།
ཉིན་མོར་སྣང་བྱེད་འོད་ཟེར་བརྒྱ་བ་དང་།།
སྤྲིན་དཀར་བླ་བྲེའི་བརྗིད་པ་ཡུན་གནས་ཤོག།
持明 仁增塔欽
2021年8月28日
留言
張貼留言