འཇིག་རྟེན་སྐྱེ་བ་རྟེན་ཅིང་འབྲེལ་འབྱུང་ཡིན། །རྟེན་འབྱུང་རང་བཞིན་གདོད་ནས་གྲུབ་མ་མྱོང་། །སྤུན་ཁྱེད་སྣང་བ་སྒྱུ་མའི་གྲོང་ཁྱེར་ལ། །ཡུན་རིང་གནས་པའི་ངལ་བ་བརྟེན་མི་འོས། །སྐྱེས་ནས་ད་བར་ཁྱེད་ཉིད་གང་དུ་བསྡད། །སྡོད་པའི་རྗེས་ཤུལ་ཁྱེད་ཀྱིས་ཨེ་བཙལ་ལགས། །རབ་རིབ་སེམས་ཀྱི་ངོས་སུ་འཆར་བ་ནི། །ཁྱེད་ཉིད་སྡོད་པའི་གནས་མལ་ཨེ་ཡིན་ན། །དྲི་མེད་སེམས་ཀྱི་རང་བཞིན་གང་དུ་ཡོད། །བྱང་ཆུབ་སེམས་ཀྱི་ས་བོན་ཨེ་བཏབ་ལགས། །འདི་ནི་སྤུན་ངས་སེམས་ཀྱི་འཆར་སྣང་དང་། །ཡིན་ལུགས་བཤད་ན་བདེན་དོན་དངོས་ཡིན་ནོ། །སྤུན་ངས་ཟོལ་མེད་སེམས་ཀྱིས་རྟེན་འབྱུང་ཚིག །ཁྱེད་ལ་བདག་གིས་སྐྱེས་སྐར་ཉིན་མོར་ཕུལ། །འདི་ཡིས་རྟེན་འབྱུང་རང་ཞལ་མངོན་གྱུར་ནས། །ཐེག་མཆོག་གདོད་མའི་རྒྱལ་ས་ཟིན་པར་སྨོན། ། སྟོང་ཆེན་མཁའ་དབྱིངས་སྤྲོས་ལས་ཡོངས་གྲོལ་ཀྱང་།། རྟེན་འབྱུང་སྒྱུ་མའི་སྣང་བ་མ་འགོག་པས།། །རྟེན་འབྲེལ་བཟང་པོའི་རེ་ཁ་བཀོད་པ་ཡི།།སྐྱེས་པའི་སྐར་མ་ཤར་བ་སྤྲོ་བས་རོལ།།མ་གྲུབ་བཞིན་དུ་སྣང་བའི་གྲོང་པ་རུ།།རྗེས་ཤུལ་རིང་པོར་དེད་པའི་སྲིད་པའི་མི།།གནས་མལ་ཉེར་སྤྱོད་ཙམ་ལ་དོན་གཉེར་ནས།།ཟག་བདེར་དགའ་བས་རོལ་འདི་འདོད་ཁམས་པ།།དོན་དམ་བྱང་སེམས་གཤིས་ཀྱི་སེམས་ངོར་བཞུགས།།ཀུན་རྫོབ་སྨོན་འཇུག་གང་ནུས་འགྲོ་ལ་ཕུལ།།བདེན་པའི་ལམ་ལ་དྲང་པོའི་གོམ་པ་ཞིག།།ཉིན་བཞིན་འདོར་བའི་འདུན་པ་མ་ཤོར་པས།།རང་སེམས་དྭངས་གཙང་རྫ་ཆབ་སྔོན་མོ་ཡིན།།དགའ་དད་སེམས་ཀྱི་ངོ་ན་འཆར་བ་ཡི།།སྤུན་མཆོག་མཁས་ལ་བདེན་དོན་འཆང་བ་ཡི།རྩེད་མོའི་སྤྲོ་སེམས་སོར་མོའི་འདུ་འགོད་ལ།།ཨ་མཚར་ཉམས་ཀྱི་ལན་ཞིག་ཕུལ་བ་འདིས།།སྐྱེས་སྐར་ཉིན་མོར་ཞུ་དག་ཚར་བ་གྱིས།།
2013-01-26 持明 仁增塔欽

留言
張貼留言